གཉའ་ཁྲི་བཙན་པོ།
༢༠༽ བཀའ་ཆེམས་ཀ་ཁོལ་མ་ལྟར་ན། སྲས་ཡ་མཚན་ཅན་དེ་ནི་གནའ་སྔ་མོའི་རྒྱ་གར་ཤཱཀྱའི་རིགས་ལས་མཆེད་པའི་རྒྱལ་པོ་དམག་བརྒྱ་བའི་སྲས་དེ་ལྷ་ཡུལ་དུ་འཕོས་ནས་ལྷའི་ལོ་དུ་མའི་རྗེས་སླར་ཡང་མི་ཡུལ་དུ་བྱོན་པར་གྲགས།
༢༡༽ ཡབ་ཀྱིས་བུའི་མཚན་ལ་ཨུ་བེ་ར་ཞེས་གསོལ་ཞིང༌། ཆུང་དུས་ནས་བློ་རིག་བཀྲ་ལ་སྙིང་སྟོབས་ཆེ་བ། རང་གཤིས་ཚ་བ་ཞིག་ཡོད། ལྷག་པར་དྲག་རྩལ་རིགས་ལ་དགའ་ཞིང་རྫུ་འཕྲུལ་ལའང་མཁས་པར་གྱུར།
༢༢༽ སྲས་ཨུ་བེ་ར་ནར་སོན་པ་ན། དུས་རྒྱུན་དུ་མི་མང་ཉམ་ཆུང་རྣམས་ཀྱི་རྒྱབ་རྩར་ལངས་ཏེ་ཡུལ་དེའི་ཚོ་དཔོན་ང་རྒྱལ་ཅན་དང༌། བོན་པོ་མཐུ་ཆེན་སོགས་ལ་གདོང་ཐུག་གིས་ངོ་རྒོལ་བྱས་པས། དམངས་ཡོངས་ཀྱིས་བུ་རྒོད་པོ་ཞེས་མཆོག་ཏུ་བཀུར།
༢༣༽ ཁོང་གི་དྲག་རྩལ་དང་རྫུ་འཕྲུལ་ལ་འགྲན་ཟླ་མ་མཆིས་པས། བོན་པོ་ཁ་ཅིག་ཕྲག་དོག་སྐྱེས་ཏེ་མི་སེར་ཁྲོད་གཏམ་འཆལ་སྤེལ་བ་དང༌། སྡེ་དཔོན་ལ་སྲས་འདིའི་གཏུམ་དྲག་ཆེ་བས་ཡུལ་སྡེར་གནོད་ཚབས་ཡོང་བས་ཡུལ་གཞན་དུ་བསྐྲད་ན་ལེགས་ཚུལ་མང་པོ་ཞུས།
༢༤༽ ཡབ་ཀྱིས་དགོངས་པ་ཟབ་མོ་བཞེས་རྗེས། ཡུམ་སྲས་ཚང་མས་གྲོས་ཁ་བསྡུར་ནས། ཨུ་བེ་ར་སྐབས་དེར་དཔའ་རྒོད་འདུ་སའི་ཡུལ་ཡར་ཀླུང་དུ་བཏང་ན་ལེགས་པར་དགོངས།